2021/6/24 སང་ཉིན་འཛམ་གླིང་སྤྱི་བསང་ཡིན་པ་ཀུན་ལ་སྒྲོགས།
དེ་རིང་བོད་ཟླ་ལྔ་པའི་ཚེས་བཅུ་གསུམ་དང་། ཚེས་བཅུ་བཞི་ཆད། སང་ཉིན་འཛམ་གླིང་སྤྱི་བསང་ཡིན་ནོ།།
འཛམ་གླིང་སྤྱི་བསང་གི་ཉི་མོ་ནི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔར་ཟེར་ཞིང་། དར་ལུགས་ནི། ལོ་ངོ་སྟོང་གི་ཡར་སྔོན་མཁན་༼མཁན་པོ་ཞི་བ་འཚོ།༽སློབ་༼སློབ་དཔོན་པདྨ་འབྱུང་གནས།༽ཆོས་༼ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་༽གསུམ་གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དེའི་ཕྱིར་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་འབྲེལ། ཨོ་རྒྱན་གྱི་སློབ་དཔོན་ཆེན་མོ་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་པའི་དུས་དང་བསྟུན་ནས། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པ་རྒྱ་ཆེར་གནང་བའི་དུས་བཟང་དེར། འཛམ་གླིང་སྤྱི་བསང་ཞེས་ཡོངས་སུ་གྲགས།
དུས་དེ་ནས་བཟུང་ཉིན་དེར་དད་ལྡན་པ་རྣམས་ཀྱིས་རང་རང་སོ་སོའི་འཁོས་འབྱོར་དང་བསྟུན་ཏེ་རྣམ་དཀར་མཆོད་འབུལ་དང་། ཡུལ་ལྷ་བསང་མཆོད། གཞི་བདག་ཕྲིན་བཅོལ་སོགས་གནང་རྗེས། ཉིན་དེར་བཟའ་བཏུང་ཕུན་སུམ་ཚོགས་པར་ལོངས་སྤྱོད་ཀྱིན་དགའ་དགའ་སྤྲོ་སྤྲོའི་ངང་ཐུགས་སྤྲོ་ལ་རོལ་སྲོལ་ཡོད་པ་ཡིན་ནོ།། དེར་བརྟེན་སང་ཉིན་ལྷ་བསང་གཙང་མ་འབུལ་ན་ལྷ་ཀླུ་ཆོས་སྐྱོང་སྲུང་མ་མཉེས་ཤིང་རླུང་རྟ་དར་བ་མ་ཟད། འདོད་དོན་ལྷུན་གྱིས་གྲུབ་ངེས། ཡིན་ནའང་ཤོག་བུའི་རླུང་རྟ་གང་བྱུང་དུ་གཏོར་བ་སོགས་འཁོར་ཡུག་འབག་རྩོག་བཟོས་ན་དགེ་བ་ལས་སྡིག་པ་ཆེ་བས་ཀུན་གྱིས་ཐུགས་ཟབ་གནང་འོས།